ཤེས་རབ་དྲ་བ།















བདག་རང་ནི་བྱིས་པའི་དུས་ནས་བཟུང་འདམ་བཟོས་ཀྱི་རྩེད་ཆས་དག་ལ་དགའ་བོ་ཡོད་ཅིང་།  གྲོང་སྡེའི་ཞིང་ཚིགས་ཀྱི་ས་སྤུངས་སྟེང་དུ་རྩྭ་ཐུར་བཙུགས་ཏེ་དུས་ཚོད་ལ་བརྟག་པའི་དམངས་སྲོལ་དང་།  ཡ་མཚར་ཆེ་བའི་རྨི་ལམ་ལ་རྨོངས་འགྲེལ་བྱེད་པའི་སྲོལ་ལུགས།  མཚན་མོར་སྡེ་བའི་རྩྭ་ཕུང་གསེབ་ཏུ་ཉལ་བཞིན་འདྲེ་བཤད་རྒྱག་པའི་སྨྱོ་རྟགས་དང་།  ཐག་ཉེའི་དགོན་པའི་གར་འཆམ་དང་སྡེ་བའི་སྤྲོ་བསངས་དུས་ཀྱི་ལ་གཞས་ལ་རོལ་མྱོང་བྱེད་པ་སོགས་ལ་དགའ་སྟེ།  བྱིས་ བློ་མ་ཡལ་བའི་གཏམ་རྒྱུད་འདི་དག་གི་ཀློང་ནས་བདག་གིས་ངལ་དུབ་མི་ཤེས་པའི་ལོ་ ཟླ་མང་དག་ཅིག་མཚར་སྣང་གིས་བོར་ཞིང་དོན་སྙིང་སྟོངས་ཡང་རོ་བཅུད་ཀྱིས་མ་བཏང་ བའི་ཉིན་མཚན་མང་དག་ཅིག་འདི་ལྟར་འདས་ཀྱིན་ཡོད།
 སྙན་ངག་ལ་མཚོན་ན།  ཡར་སྔོན་ཞིག་ལ་སྙན་ངག་པ་ནི་ཀུན་སྤྱོད་ཀྱི་རྨང་མཐུག་པོ་དང་ལྡན་པ་ཞིག་ཏུ་སེམས་ཤིང་།  མ་ མཐའ་ཡང་ལོ་ན་བཅུ་དྲུག་གི་ན་ཚོད་ལས་མི་བརྒལ་བའི་གཞོན་ནུ་ཞིག་གིས་རང་གི་སྟོང་ བསམ་ལ་དགའ་སྣང་བྱེད་པའི་ཨུ་ཚུགས་ལྟ་བུའི་མཚར་སྣང་ཞིག་ངེས་ཅན་དུ་ཡོད་དགོས་ སྙམ་སྟེ།  མ་མཐའ་ཡང་མཚར་སྣང་དེ་ནི་མི་རང་གི་དད་མོས་ཤིག་དང་སྲིད་ལུགས་ལས་འགོངས་པ།  ཁྲིམས་རྒྱས་མ་བཅིངས་ཤིང་དབང་ཤེད་ཀྱིས་མི་སྡོམ་པའི་རྣམ་འགྱུར་ཞིག་ཡིན་སྣང་སྐྱེས་ཡོད།   དེ་ལ་སྲིད་གཞུང་མེད་པའི་རིང་ལུགས་པ་ཞེས་ཀྱང་འབོད་ཀྱིན་ཡོད་པ་བཞིན་དུ།  སྟོང་སྣང་རིང་ལུགས་ཀྱི་སྙིང་སྟོབས་འདིའི་ཡིད་རྟོན་བྱེད་ས་ཉག་གཅིག་པུ་ནི་སྐད་ཆའི་དབང་ཤེད་སྟེ།  ཡོད་ཚད་ཀྱི་བདག་འཛིན་པ་ནི་ཐ་སྙད་ཀྱི་དབང་ཆ་ཡིན་སྙམ་ཡོད།
གལ་ སྲིད་ཆབ་སྲིད་དང་འབྲེལ་བའི་དབང་ཤེད་དེ་དག་གིས་རང་ཉིད་ནི་སྙན་ངག་བྱ་བའི་ རྟོག་ཁོངས་འདི་རུ་གད་སྙིགས་ཤིག་དང་འདྲ་བར་དོན་གྱིས་སྟོངས་པའི་གནས་བབས་ཤིག་ ཏུ་གྱུར་བ་རྟོགས་ཡོད་ན།  དེ་དག་གིས་ངེས་ཅན་དུ་ཆེས་དྲག་རྩུབ་ཀྱི་སྦྱོར་བས་སྙན་ངག་ལ་ཡ་ལན་སྤྲོད་སྲིད་མོད།  དེ་ ཡང་ཧ་ཅང་གུ་དོག་པའི་མི་ཞིག་གིས་རང་ཉིད་ལ་མཁའ་ཁྱབ་ཀྱི་བྱམས་བརྩེ་དང་སྙིང་ རྗེ་ཡོད་པར་ལབ་པ་བཞིན་ཤེས་མེད་ཅེས་པའི་ཕ་རོལ་ལ་གླེན་པ་ཞེས་པའི་མིང་ཞིག་ཀྱང་ མི་འདོད་བཞིན་དུ་ཐོག་ཏུ་བབས་ཡོད། རྒྱུ་མཚན་ནི་དབང་ཆ་ཡི་རྒྱབ་རྟེན་བཅོལ་ཡུལ་ནི་དུས་རབས་ཀྱི་ལོ་རྒྱུས་འབའ་ཞིག་ ཡིན་ཏེ།   དེ་ནི་སྨན་གཡོག་པས་ནད་པ་སྲུང་བ་བཞིན་དུ་ལོ་རྒྱུས་ཀྱི་སྒོ་ཐེམ་སྟེང་ཙོག་པུར་བསྡད་ནས་ལོ་རྒྱུས་སྲུང་བཞིན་པ་ཁོ་ན་དེའོ།
ཡིན་ནའང་སྐད་ཆ་ཡི་རྒྱབ་རྟེན་བཅོལ་ཡུལ་ནི་ནམ་ཡང་དངོས་དོན་ཡིན་ཏེ།  ཤ་ཁྲག་མཉམ་འདྲེས་ཀྱི་ནུས་སྟོབས་ལྟ་བུའི།  མིག་མེད་ལུང་འཁྱམས་ཀྱི་འཚོལ་གཤེར་ལྟ་བུའི།  མཐའ་མེད་གྲུ་མེད་ཀྱི་འཚོ་བ་ལྟ་བུ་ཞིག་ཡིན་འདུག་སྟེ།  དེས་སྙེགས་ཤིང་འཚོལ་བཞིན་པའི་སྐད་སྒྲ་ནི་ནམ་ཡང་ཤ་ཁྲག་གི་སྐད་ཆ་ཞིག་རེད་འདུག   དེ་ ནི་ནམ་ཡང་ས་འོག་གི་སྦུག་ལམ་བཟོ་བའི་བྱི་བ་ཞིག་དང་མཚུངས་པར་འབྱུང་འགྱུར་དུས་ རབས་ལ་སྦྲེལ་བའི་གསང་བའི་བགྲོད་ལམ་ཞིག་བསྐྲུན་པར་སྔ་ན་མེད་པའི་སྟོབས་ཤུགས་ ཀྱིས་ཁེངས་ཡོད།  འཇིག་རྟེན་བརྩེ་དུང་གི་ཆེས་ཆེ་བའི་ངོ་མཚར་ནི་ཟོལ་བཅོས་ཀྱི་གཏམ་སྙན་ཡོད་དགུ་འདོར་ཐུབ་པ་དེ་ཡིན་ན།  སྙན་ངག་གི་ཆེས་ཆེ་བའི་ངོ་མཚར་ནི་གསར་བཟོ་མེད་པའི་སྐད་ཆ་རྫོབ་པོ་དག་འདོར་བར་བྱེད་པ་དེ་ཡིན།
རྣོ་སྐུད་ཇི་འདྲ་བ་ཞིག་གིས་ང་ཚོའི་ལྕེ་རྩ་བསྒགས་ཤིང་།  སྒྲོག་ཤིང་ག་འདྲ་ཞིག་གིས་ང་ཚོའི་ཚོར་བ་བཅིངས་ཡོད་དམ།  རིན་ཐང་བོར་བའི་མི་ཆོས་ཀྱི་གཏམ་སྒྲོས་དང་གདོང་འབག་གཡོགས་པའི་ཟོལ་བཅོས་ཀྱི་བརྩེ་དུང་། དྲང་བདེན་བོར་བའི་ཆབ་སྲིད་ཀྱི་ཁ་གཡང་།  སྨྱོ་འབོག་གྱོན་པའི་གླེན་ཚུགས་ཀྱི་དད་མོས།  དོན་ དངོས་བོར་བའི་རྨོངས་མུན་གྱི་ཤེས་ཡོན་་་་་་་་འདི་དག་ནི་ང་ཚོའི་མཆུ་སྒྲོས་ གཅོད་བྱེད་ཀྱི་ལྕགས་ཀྱི་ཁ་གཅོད་ཅིག་དང་འདྲ་བར་དུས་ཡུན་རིང་བོའི་ལོ་ཟླའི་ ཁྲོད་ནས་རང་ལ་དབང་བའི་སྐད་ཆ་ཚིག་གཅིག་ཤོད་རྒྱུའང་ཧ་ཅང་གིས་ཁག་པར་གྱུར།  དྲང་གནས་བཤད་ན།  སྙན་ངག་གིས་འདུ་ཤེས་སྟོན་ཞིང་སྙན་ངག་གིས་དུངས་བ་གླེང་བཞིན་ཡོད་ནའང་།  དུས་རབས་འདིར་སྙན་ངག་གི་འཕྱ་ཁྲལ་བསྡུ་བའི་བྱེད་པོ་གྲངས་ཀྱིས་མི་ལོངས་པ་ཞིག་བྱུང་ཞིང་།  ཁོ་ཚོས་སྙན་ངག་གི་ཁྲོད་དུའང་ཁོ་ཚོར་དབང་བའི་ཁྲལ་གང་ཞིག་ལྷག་ཡོད་པར་གཟབ་རྟོག་དང་ཞིབ་ཉན་བྱེད་བཞིན་ཡོད།
སློབ་གྲྭ་ཆེན་མོའི་དགེ་བཤེས་དག་གིས་དེང་རབས་སྙན་ངག་ལ་བརྩི་སྲུང་མི་བྱེད་པ་དང་སྙན་ངག་གི་འདུ་ཤེས་མི་རྟོགས་པར་ལེ་བདའ་བྱེད་དོན་མེད་དེ།  སྙན་ངག་གི་ཚོར་རྟོག་དང་ཤེས་ཡོན་སྤྱིར་བཏང་བ་གཉིས་ལ་མ་གཞི་ནས་བར་ཁྱད་ཆེན་པོ་ཡོད་པས་སོ།  དེ་ནི་རྒྱུན་སྤྱོད་ཀྱི་ཁྱིམ་གློག་ཅིག་དང་གནོན་ཤུགས་ཆེས་ཆེ་བའི་ཆུ་གློག་གཉིས་ཀྱི་ཁྱད་པར་དང་འདྲ་བས་སོ།  དེ་ལྟ་ནའང་སྙན་ངག་ནི་ཤེས་ཡོན་སྤྱིར་བཏང་བ་དག་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་བཤད་པ་མིན་ཏེ།  སྙན་ངག་ནི་ཐོག་མར་ཤེས་བྱ་ཞིག་ཡིན་པ་དང་དེ་ནས་ཤེས་བྱའི་ཕྲུ་གུ་ཞིག་ཡིན་དགོས།  སྙན་ངག་ནི་སྐད་ཆའི་བུ་མོ་དང་བསམ་བློའི་མ་ཡུམ་དུ་བསྔགས་པ་བཞིན་དུ།  སྙན་ངག་ནི་བསམ་བློ་ཡི་ཕྲུ་གུ་མིན་པ་དེ་རེད།
སྙན་ངག་ཅིག་འབྲི་བའི་གོ་རིམ་ནི་མི་མངོན་པའི་འདྲེ་གདོན་དག་དང་དམར་འཛིང་བྱེད་པའི་གོ་རིམ་ཞིག་དང་འདྲ་སྟེ།  འདུ་ཤེས་ཀྱི་མངར་བཅུད་འཇིབ་པའི་འདྲེ་གདོན།  སྐད་ངག་གི་གོམས་ཤུགས་འདྲེན་པའི་འདྲེ་གདོན།  གསར་རྩོམ་པ་རང་ཉིད་ཀྱི་ལུས་ལ་ཞུགས་པའི་འདྲེ་གདོན་དང་ཀློག་པ་པོའི་ཀུན་རྟོག་ཁྲོད་དུ་འཛུལ་བའི་འདྲེ་གདོན་དེ་དག  འདྲེ་གདོན་དེ་དག་ལ་རྒྱུན་རིང་གི་ཆེས་ལེགས་པའི་སློབ་གསོ་འཐོབ་ཡོད་ཅིང་།  གཏན་ཚིགས་ཞིབ་བུར་འབྱེད་པའི་རྣམ་དཔྱོད་དང་།  དོགས་ གནས་རིགས་པས་མྱོང་བའི་རྩོད་སྒྲུབ་དང་ལྡན་པ་ཞིག་ཡིན་པས་ཁྱེད་ཀྱི་མི་ཚེ་གཅིག་ གི་གསར་རྩོམ་བརྒྱུད་ནས་ད་གཟོད་དེ་དག་དང་དམར་འཛིང་བྱེད་དགོས།
བརྩེ་སེམས་སྟོན་པ་ནི་འགྱུར་ཁུགས་རྐྱང་བ་ཞིག་མ་རེད།  དུངས་ཚོར་བརྗོད་པ་ནི་གཉུག་གཤིས་འབའ་ཞིག་ཀྱང་མ་རེད།  དེའི་ཁྲོད་ན་སྙན་ངག་པའི་སྐྱེས་ཐོབ་ཀྱི་རང་རྟོགས་དང་གཏན་ཆགས་སུ་སོང་བའི་ནང་སེམས་ཀྱི་སྣང་བ་ཞིག་ཡོད་འདུག།  སྣང་བ་དེ་ནི་ཉམས་མྱོང་གི་གོས་ཆེན་བཀླུབས་པའི་ཁྲི་སྟེགས་ཤིག་སྟེ།  ཁྲི་སྟེགས་དེ་ཡོད་པས་ད་གཟོད་སྙན་ངག་པའི་མི་གཞི་ཆགས་གྲུམ་དུ་མི་འགྱུར་ལ།  ད་གཟོད་དོགས་ཚོམ་དང་རེ་ཆད་ཀྱི་དབུགས་སྒྲའི་ཀློང་གི་འུ་ཐུག་གི་སྨེ་སྔགས་འབྱིན་མི་སྲིད།  རྟོག་འཆར་ཀྱི་ནུས་པ་ཞེས་པ་ཅི་རེད།  ཚོར་བ་ཞེས་པའང་ཅི་རེད།  ཤུགས་དྲག་ཏུ་བརྡོལ་བའི་དུངས་བ་གང་ཡིན་ནམ།  ཀྱེ་མ།  བརྡ་ཁྱབ་ཇུས་འགོད་པ་ཞིག་གིས་ཀྱང་རྙེད་ནུས་པའི་སྙན་ངག་གི་ཚོར་རྟོག་འདི་དག་གིས་ང་ཚོ་ལ་བསླུ་བྲིད་ག་ཚོད་བཏང་ཡོད་ཨང་།  ང་ཚོའི་ཚོར་བ་ནི་རྙིང་ཞིང་འབག་དྲེགས་ཀྱིས་བསླད་པའི་ལག་རས་རྫོབ་པོ་ཞིག་ཡིན་ནམ།
དེ་རིང་གི་སྙན་ངག་པ་ཨང་།  སྙན་ངག་པ་དག་གི་འཚོ་གནས་དངོས་ཡོད་ལ་བཅངས་པའི་ཚོར་བ་དེ་ནི་གསར་འགྱུར་གསར་འགོད་པ་ཞིག་གི་ཚོར་རྟོག་དང་འདྲ་སྟེ།  སྙན་ངག་དངོས་གཞིའི་ཁྲོད་ཀྱི་སྐད་ཆ་དང་སྣང་བརྙན་བསྡུ་འགོད་ཀློང་གི་རྟོག་ཡུལ།  བསམ་བློའི་གོ་རྟོགས་ཁྲོད་ཀྱི་གནད་དོན་སོགས་ཀྱང་གསར་འགྱུར་སྤྱིར་བཏང་བ་ཞིག་གི་ཁྱབ་ཁོངས་ལས་བརྒལ་མི་འདུག་པར་ལྟོས་དང་།  སྐད་ཆ་ཞིག་ནི་དཔེ་མཚོན་རང་རྐྱང་བ་ཞིག་གི་ཕྱིར་དུ་སྐྱེས་པ་ཡིན་ནམ།    ནམ་དུ་ཡང་ཁྱབ་ཁོངས་ངེས་ཅན་ཞིག་གི་བཀག་རྒྱ་ལས་བརྒལ་མི་ཐུབ་པའི་ཚིག་རིས་ཀྱི་བསླུ་བྲིད་དེས་བདག་གི་མིག་ན་ཨང་།
༢༠༡༡ལོའི་ཟླ༥པར་ཐོལ་བྱུང་དུ་བྲིས།


{May 21, 2011}   འཐབ་ར།

རྨི་ལམ་གྱི་མཛེས་པ་དེ་སྐད་ཀྱིས་མཇུག་རྫོགས་དུས
དུང་སྣང་ལས་བཏུས་པའི་བསླུ་བྲིད་ལ་ན་ཟུག་སློང་འོང
བདེ་མོ་འཇོག་པའི་རྣམ་འགྱུར་མཐོང་དུས
ལྟག་རྒྱབ་ལ་ཡིབ་པའི་གོམས་གཤིས་མངོན་འོང
དེ་རིང
ལ་ལར་ཐོབ་པ་བརྩེ་འདང་གི་བསླུ་བྲིད་ཡུད་ཙམ
ཡང་ན་ཁྲེལ་དགོད་ཀྱི་ཟབ་ཚད་འཇལ་བའི་ཨང་རྟགས་ཤིག
དུས་ཚོད་འདི་ལྟར་བཞུད་འགྲོ་དུས
ལྐོག་གཡོ་དང་འདོད་བརྩེ་ཡི་གནས་མལ་བསྐྲུན་ཟིན
རྒྱུ་འཕྲུལ་འདྲ་བའི་ལྷོད་འཇགས་པའི་མལ་ས་འདི་ནས
མུ་འབྲེལ་འཁྲབ་གཞུང་གི་སྡེར་འོག་ཏུ་ཚུད་དུས
ལྷིང་འཇགས་ཀྱི་རྫི་བོར་བྲེད་ཤ་མ་སློང
སུ་ཞིག་གི་རྡོག་སྒྲར་རྣ་བ་གཡར་བཞིན
ཚ་གྲང་མ་ངེས་པའི་མཉེས་གཤིན་གྱི་བརྩེགས་འཕྲིན་སྐྱོང་བཞིན་ཡོད་ཡ
ལྷིང་འཇགས་ལ་གོམ་ནས་འཁྱམ་བསྐྱོད་བྱས་ཏེ
རྣ་བ་ཀྲོང་ངེར་ཉན་ན
དྲ་ཁང་ལས་ཐོབ་པའི་སྐད་ཆ་དག་ཅི་ཞིན་ཡིན་ནམ
ཡང་ན་མཁོ་བ་དེ་གང་རེད
བྲེད་ཤ་བསླང་འོང་པའི་ཀུ་རེ་དང་རྩེད་མཚར་དག
སྐྱུག་བྲོ་བའི་དམོད་མོ་དང་ཚིག་རྩིབ་དེ་དག
བ་སྤུ་འདར་ཡོང་བའི་འདོད་གཏམ་དང་ཆགས་ཉམས་དེའང
གང་ལྟར་ཀྱང་འདི་ལྟར་སེམས་སམ
ཐོབ་འདོད་པ་དེ་ཅི་ཞིག་ཡིན་ཡང་ཆོག
རང་དབང་མཐོ་གང་བོ་འདི་ལགས་པས
ཐ་ན་ཅི་ཡང་མ་ཐོབ་ཀྱང་ལོས་ཆོག
ཟབ་ཚད་འཇལ་བའི་ཁ་ཞེང་ཞིག་འདི་ན་ཡོད་མི་དགོས
འོད་སྣང་བརྗེས་དེ་མིན་པ་གྱོན་ཡང་ཆོག
བརྩེ་བ་བསྐྱུར་དེ་གདུང་བ་བསུས་ཀྱང་རུང་།


{May 21, 2011}   Hello world!

Read the rest of this entry »



et cetera